上师仁波切生日快乐
ཀུན་བཟང་དགོངས་པའི་གངས་རི་ལས་འོངས་བའི།།
རྨད་བྱུང་གསང་ཆེན་དྭངས་གཙང་རྙོག་མེད་པས།།
སྐལ་བཟང་གདུལ་བྱ་བགྲང་ལས་འདས་པ་ཞིག།
སྨིན་གྲོལ་གདམས་པས་མྱངས་བའི་བཀའ་དྲིན་ལྕི།།
སྔ་འགྱུར་རིག་འཛིན་གོང་མའི་རྒྱལ་བའི་ཚབ།།
དོན་གྱིས་བདག་གིར་ཐོབ་པའི་ཁྲི་འཕང་རྩེར།།
གཡོ་མེད་གཟི་བརྗིད་འོད་སྟོང་འབར་བཞིན་དུ།།
རིས་མེད་འགྲོ་བ་ཡུན་དུ་སྐྱོང་མཛད་གསོལ།།
པདྨ་ཀཱ་རའི་དགོངས་པའི་བདུད་རྩིའི་བཅུད།།
ཐུགས་ཀྱི་བུམ་པ་བཟང་པོར་རབ་རྫོགས་པའི།།
རྗེ་འབང་འཁོར་ལ་དབང་གི་གྲུ་ཆར་འབེབས།།།
འོད་གསལ་རྣལ་འབྱོར་ནམ་མཁའི་སྙིང་པོ་ལྟར།།
དེ་བཞིན་བསམ་གཏན་ཆོས་ཀྱི་ཞིང་ཁམས་འདིར།།
རིགས་ཀྱི་བདག་པོ་གྲུབ་དབང་དམ་པ་ཡིས།།
གསང་གསུམ་བྱིན་བརྒྱའི་ཕ་ཕོག་ཡོངས་བཞེས་ཏེ།།
སྨིན་གྲོལ་དགའ་སྟོན་འགྱེད་ལ་གསོལ་བ་འདེབས།།
སྙིང་རྗེ་དབང་ཕྱུག་མིག་མི་འཛུམ་པའི་གར།།
རྡོ་རྗེ་འཆང་དབང་ཁྲོཾ་དགེ་ཨ་རིག་དང་།།
གྲུབ་དབང་བླ་མ་ལུང་རྟོགས་རྒྱལ་མཚན་ཟུང་།།
དགུང་གྲངས་བརྒྱད་ཅུའི་ཡང་མཐར་འཚོ་གཞེས་ལྟར།།
དེ་བཞིན་ཁྱེད་ཀྱང་རྩ་བརྒྱུད་བླ་མ་ཡི།།
སྐུ་ཚེ་མཛད་པའི་རྣམ་ཐར་དང་མཉམ་པར།།
ཞིང་འདིའི་གདུལ་བྱའི་ཚོགས་ཀྱི་བཤེས་གཉེན་དུ།།
ཡུན་ནས་ཡུན་དུ་བཞུགས་པར་གསོལ་བ་འདེབས།།
དམན་ལམ་ཉན་རང་དགྲ་བཅོམ་རིགས་ཅན་གྱིས།།
འཚོ་བའི་ཡོ་བྱད་དགེ་འདུན་ཕུལ་བ་ཡི།།
རྣམ་སྨིན་སྲོག་གི་འདུ་བྱེད་བྱིན་བརླབས་ཏེ།།
ཚེ་ཐག་རིང་དུ་བསྲིངས་ཤིང་བཞུགས་པ་ལྟར།།
དེ་བཞིན་ཁྱེད་ཀྱིས་ཀུན་རྫོབ་རྟེན་འབྱུང་ཆོས།
ཅིར་ཡང་མ་གྲུབ་ཅིར་ཡང་བསྒྱུར་རུང་བའི།།
རང་བཞིན་ཟབ་མོ་རྟོགས་པའི་ནུས་མཐུས་སྟོབས།།
སྐུ་ཚེ་རིང་དུ་བསྲིང་བར་གསོལ་བ་འདེབས།།
བདག་ཀྱང་ནམ་ཞིག་འཆི་བའི་སྐབས་བྱུང་ཚེ།།
མགོན་པོ་ཁྱེད་ཀྱིས་ལམ་གྱི་སྣ་དྲངས་ཏེ།།
ཡབ་རྗེ་གྲུབ་དབང་བླ་མ་ཞལ་མཇལ་སའི།།
ཞིང་དེར་ཡུད་ཙམ་ཞིག་གིས་ཁྲིད་གྱུར་ཅིག།
ཐུབ༷་བསྟན༷་ལུང་དང་རྟོགས་པའི་སྙིང་པོའི་བཅུད།།
བས༷མ་གཏ༷ན་བསྒོམ་སྒྲུབ་དོན་གྱིས་འཛིན་པ་ལ།།
ཟླ་བྲལ་གྲུབ་པའི་རིག་འཛིན་སྤྲུལ་པའི་སྐུའི།།
བཟ༷ང་པོ༷འི་ཕྲིན་ལས་ཀུན་ཁྱབ་དཔལ་འབར་ཤོག།
༧སྐྱབས་རྗེ་བླ་མ་དམ་པ་མཆོག་སྤྲུལ་རིན་པོ་ཆེ་དགུང་གྲངས་ལྔ་བཅུར་སོན་པའི་འཁྲུངས་སྐར་ལ་ཁྲོཾ་ལྗོངས་པ་བསྟན་འཛིན་ཉི་མ་རུ་འབོད་པས་2023/ 3/ 4/ ཕུལ་བའོ།།
