རྩོད་པ་མེད་ན་རྩོད་ལྡན་ག་ལ་འགྱུར།
ཚེ་རིང་ནོར་བུས།
བོད་པ་རྣམས་ཀྱིས་བན་བོན་གྲུབ་མཐའ་རྩོད། །
བོན་པོ་རྣམས་ཀྱིས་བཀའ་གསར་བཀའ་རྙིང་རྩོད། །
བན་དེ་རྣམས་ཀྱིས་གསར་མ་རྙིང་མ་རྩོད། །
རྩོད་པ་མེད་ན་རྩོད་ལྡན་ཅི་ལ་ཟེར། །
བོད་མཁས་རྣམས་ཀྱིས་སྲོང་བཙན་འཁྲུངས་འདས་རྩོད། །
དགེ་རྒན་རྣམས་ཀྱིས་བོད་ཡིག་ཡོད་མེད་རྩོད། །
རྟོགས་སད་རྣམས་ཀྱིས་ལྷ་འདྲེ་ཡོད་མེད་རྩོད། །
རྩོད་པ་མེད་ན་རྩོད་ལྡན་ག་ལ་ཟེར། །
བླ་མ་རྣམས་ཀྱིས་ཁྲི་དང་གོ་ས་རྩོད། །
གྲྭ་བ་རྣམས་ཀྱིས་གྲྭ་རྒྱུན་འབུལ་བ་རྩོད། །
ཆོས་པ་རྣམས་ཀྱིས་འདུལ་སྔགས་དོན་ལ་རྩོད། །
རྩོད་པ་མེད་ན་འདུལ་སྔགས་འཛིན་ཐབས་མེད། །
འདུལ་འཛིན་རྣམས་ཀྱིས་སྔགས་པ་སུན་འབྱིན་བྱེད། །
སྔགས་པ་རྣམས་ཀྱིས་དེ་ལ་དམོད་སྔགས་བྱེད། །
འདུལ་སྔགས་མེ་ཆུ་ལྟ་བུ་འགལ་འདུ་འཛིན། །
རྩོད་པ་མེད་ན་འདུལ་སྔགས་གཉིས་སུ་མེད། །
ལྟ་འོག་རྣམས་ཀྱིས་ཆོས་ལ་ལོག་པར་ལྟ། །
ཆོས་ལུགས་པ་ཡིས་དེ་ལ་དགག་ཅིང་རྩོད། །
ལྷ་འདྲེ་ཡོད་མེད་རྣམ་ཤེས་ཡོད་མེད་སོགས། །
ལོ་ངོ་བརྒྱ་ཕྲག་གཉིས་ལ་རྩོད་པ་བྱས། །
རྟོག་གེ་པ་ཡིས་རང་ལུགས་གཞན་ལུགས་རྩོད། །
འཇིག་རྟེན་པ་ཡིས་དགྲ་གཉེན་ཆགས་སྡང་རྩོད། །
འདི་ཕྱི་རྩོད་ནས་འདི་ཕྱི་གཉིས་མེད་བྱས། །
རང་གཞན་རྩོད་ནས་རང་གཞན་གཉིས་མེད་བྱས། །
དངོས་གཙོ་སྨྲ་བས་སེམས་གཙོ་འཛིན་པར་རྩོད། །
སེམས་གཙོ་སྨྲ་བས་དངོས་གཙོ་དག་ལ་དགག །
ལོ་ངོ་བརྒྱ་ཕྲག་གཉིས་སུ་དངོས་སེམས་རྩོད། །
རྩོད་ནས་མཐའ་རུ་ཕྱིན་པའི་དུས་མ་རྙེད། །
རྣལ་འབྱོར་རྣམས་ཀྱིས་གཏོ་ཆོག་དགག་ཅིང་རྩོད། །
གཏོ་ཆོག་པ་ཡིས་རྣལ་འབྱོར་པ་ལ་རྩོད། །
གཏོ་ཆོག་རྣལ་འབྱོར་གནའ་ནས་ད་བར་རྩོད། །
རྩོད་བཞིན་རྩོད་བཞིན་མཐའ་མ་གཅིག་ཏུ་གྱུར།།
བོན་ནི་བོད་ཀྱི་ཕ་ཆོས་ཡིན་ཞེས་རྩོད། །
ཆོས་ནི་ཡུལ་ལུང་གཞན་ནས་བྱུང་ཞེས་རྩོད། །
རྩོད་བཞིན་རྩོད་བཞིན་དགོངས་པ་གཅིག་ཏུ་གྱུར། །
རིས་མེད་རིས་སུ་བཅད་ནས་རྩོད་པ་མཚར། །
རྩོད་པ་མེད་པར་ཡར་རྒྱས་འགྲོ་ཐབས་མེད། །
རྩོད་པ་མེད་ན་འཇིག་རྟེན་འཚོ་ཐབས་བྲལ། །
རྩོད་པ་མེད་ན་བཟང་ངན་འབྱེད་ནུས་མིན། །
རྩོད་པ་དེ་ནི་བཟང་ངན་ཀུན་ཀྱི་གཞིའོ། །
ཚེ་རིང་ནོར་བུས་སྤྱི་ལོ༢༠༢༣ལོ་ཟླ༤པའི་ཚེས༡༢ཉིན་ཁྲིན་ཏུའུ་སྤོས་ལྡན་དུ་བྲིས་པ་དགེའོ། །
