བར་སྐབས་ཚིགས་སུ་བཅད་པ།
སྤྲིན་དཀར་བང་རིམ་དང་བང་རིམ་གནམ་སྔོན་པོའི་རྒྱན་དུ་དྭངས་ཤིང་རི་ཚོགས་ཀྱི་སྐེད་པ་མཐོ་ས་ནས་ནོར་ནག་ཆུང་གི་ཚོགས་རྣམས་ཚང་ཁ་ཤིག་ཤིག་བྱེད། ལྷོད་ཅིང་འཇགས་པའི་ཡུལ་ལྗོངས་འདི་ཡང་རེ་ཞིག་ཉི་མའི་ཐན་ཚད་དང་བར་སྣང་སྟོང་པར་ལྡིང་གིན་པའི་ཐལ་རྡུལ་འཚུབ་མར་སུན་སྣང་སྐྱེས་པ་འདྲ་བས། སྟོབས་ཅན་སུ་ཞིག་གིས་དེད་པ་ལྟ་བུའི་རླུང་རྒོད་ཁ་ཡ་མེད་པ་ཞིག་ཀྱང་གང་སར་རྒྱུ་འོང་། ལྷོ་ནུབ་ཀྱི་རི་བོ་མཐོ་སར་མིག་ཟུང་གིས་གཅེར་ཚེ། མཇུག་མ་ཆད་པའི་ན་བུན་ཚོམ་ཚོམ་བྲེལ་ཟིང་གིས་གཅིག་རྗེས་གཉིས་མཐུད་དུ་གཤར་ཞིང་གང་ཞིག་གི་རྗེས་མ་ཆོད་པ་བཞིན་མགོ་སྤྱིའི་གོང་ནས་བཞུད་འགྲོ ། དེའི་རྣམ་པ་སྔར་ནས་ཤེས་ཟིན་པ་འདྲ་བའི་ཨ་མ་ལགས་ཀྱིས་ལྕི་བ་དབོར་བ་དང་ཁེབས་མ་རུག་པའི་ལས་སུ་བྲེལ་ནས་འདུག ། སྦྲ་གུར་གྱི་ཐུ་མོ་ལྷེབ་ལྷེབ་ཏུ་གཡུག་ཅིང་སྒྱེད་པུའི་ནང་གི་མེ་ལྕེ་ལན་རེ་གཟིམ་ཞིང་ལན་རེ་མཆེད་པར་འགྱུར། དུད་སྔོན་དག་རྩིད་པའི་བར་གསེང་ཀུན་ནས་ཤུགས་ཀྱིས་ཐོན་ལ་འོང་། རས་ནག་བརྒྱངས་པ་ལྟ་བུའི་སྤྲིན་ནག་གི་རྒྱ་མཚོས་རྩ་ཐང་དང་རི་ཚོགས་ཀྱི་ཁ་དོག་བསྒྱུར་ཏེ། ཆར་འབྲུ་རེ་ཟུང་དང་རེ་ཟུང་གཏོར་བའི་མོད་དུ་གློག་ཞགས་དཀར་རྐྱང་དེ་ཡང་གནམ་སའི་མཚམས་སུ་འཁྱུག་བྱུང་། དྲིན་ཆེན་མ་ལོས་ལག་ཟུང་ཆོན་ཐན་ནས་ལྷོད་རྗེས་རབ་ཏུ་ལྡིར་བའི་འབྲུག་སྐད་ལ་རྣ་བ་བླགས་ཏེ་དཀར་ཡོལ་དུ་བསྐྱིལ་བའི་འོ་ཇ་ཕོར་གང་དེ་ཐད་ཀར་ཁོག་ཏུ་བཏུང་པ་དང་། རྫི་བོ་དེ་ཚོར་སྙིང་རྗེ་ལ་ཨང་ཞེས་ཀྱང་ཟེར། སྦྲ་གུར་གྱི་རྩིབ་བར་ནས་ཟིམ་ཟིམ་དུ་ལྷུང་བའི་ཆར་རྡོག་ཆུང་ཆུང་དེ་ཚོས་རྣ་འབྱོག་གི་རྩེ་མོ་དང་ཐོད་པའི་ངོས་སུ་ནེམ་ནེམ་གྱི་ཚོར་བ་སྟེར། རླུང་འཚུབ་དང་འབྲུག་སྐད་དལ་གྱིས་འཇགས་པ་དང་འགྲམ་གྱི་ཡུར་ཆུ་བཞུར་བའི་སྒྲ་ཡངས་མོས་གནམ་དྭངས་པའི་བརྡ་བསྟན་རྗེས། ཡུན་རིང་དུ་གབ་པའི་ཉི་མ་སེར་པོ་ག་ལེར་སྤྲིན་པའི་ཁོང་གསེང་བརྟོལ་ཏེ་རི་བོའི་འདབས་ནས་བསླེབས་བྱུང་། གནམ་སའི་བར་མཐོངས་སུ་ཆགས་པའི་རྡུལ་འཚུབ་དག་སྨད་ཀྱི་རྒྱུགས་ཆུ་དང་འདྲོགས་ཤིང་རྩ་ལྗོན་གྱི་གསེང་དུ་ལུས་པའི་མེ་ཏོག་དམར་སེར་རྣམས་ཀྱིས་ངོ་ཁྲུས་གཙང་མ་བྱས་ཏེ་གཡུ་སྦྲང་གཞོན་ནུའི་དིར་སྒྲ་ལ་བསྒུགས་ནས་འདུག ། བེའུ་ཆུང་གི་ངུར་སྒྲའི་བར་ནས་ལུད་པའི་ཁ་རླངས་དང་ཉི་འོད་ཀྱིས་དྲོས་པའི་ན་བུན་རྣམས་ཨ་མའི་རྐང་མཚམས་ནས་གྱེན་དུ་ལྡིང་ཞིང་གྱེན་དུ་འཕགས། འུར་ཐག་གི་ཚག་སྒྲ་དང་རྫི་བོའི་ཀི་འབོད་ཀྱི་ཀློང་ནས། ནོར་ནག་རྣམས་སྔུར་པ་འཐེན་གྱིན་ལྷས་སུ་འཁོར་བྱུང་། ཉི་མ་ལ་ནས་ནུབ་ཀྱང་གནས་འདིར་ཤིན་ཏུ་དྭངས་ཤ་ཅན་ཞིག་ཏུ་གྱུར་ཞིང་། འབྲི་ནོར་རྣམས་གདང་དུ་བཏགས་པ་དང་འོ་མ་བཞོས་རྗེས། མར་དཀར་པུ་ལུའི་འགྲམ་དུ་འོ་ཁོལ་ཕོར་པ་གང་དང་འབྲི་ཞོ་ཁ་སྦྲིད་དེ་ཅན་སེར་ལམ་མེར་གཤམ་ནས་འདུག །
____བྲག་རྒོད་སྐྱེས།
