རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། རྒྱལ་རྩེ་དཔལ་འཁོར་ཆོས་ཀྱི་སྡེ་ཆེན་པོ་ནི་བོད་ཀྱི་དམིགས་བསལ་གྱི་དགོན་པ་ཞིག་ཡིན། དཔལ་འཁོར་ཞེས་པ་ནི་དགོན་དེའི་དབྱིབས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་རིས་སུ་བྱས་པས་མཚན་དེ་ལྟར་ཐོགས། དགོན་དེ་ནི་ཐོག་མར་1418ལོར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་ཕྱག་བཏབ། རྒྱལ་རྩེ་རྫོང་ནི་སྔོན་གྱི་གནས་འགངས་ཆེན་ཞིག་ཡིན་པ་མ་ཟད། དབྱིན་འགོག་དམག་འཁྲུག་གི་སྐབས་སུ་དཔའ་བོའི་སྙན་པ་ཕྱོགས་སུ་རྒྱས་པའི་རྫོང་ཞིག་ཀྱང་རེད། རྒྱལ་རྩེ་གྲོང་རྡལ་གྱི་དབུས་སུ་རི་འབྲུག་དབྱིབས་འདྲ་བའི་སྟེང་དུ་ཆགས་པའི་རྔམ་བརྗིད་ལྡན་པའི་རྫོང་དེ་ནི་རྒྱལ་བོ་གླང་དར་གྱི་སྐུ་ཚ་མངའ་བདག་དཔལ་འཁོར་བཙན་གྱིས་967ལོར་བཏབ། ཕག་གྲུ་སྲིད་དབང་བཟུང་སྐབས་རབ་བརྟན་ཀུན་བཟང་འཕགས་ཀྱི་ཡབ་ནང་ཆེན་འཕགས་པ་དཔལ་བཟང་གིས་བསྐྲུན། ཕག་གྲུ་སྣེ་གདོང་གི་གོ་གནས་བཟུང་ནས་མུ་མཐུད་མྱང་ཆུའི་རྨེལ་སྟོད་ཁུལ་གྱི་ས་ཆར་དབང་བཟུང་། དགའ་ལྡན་ཕོ་བྲང་དུས་སུ་རྫོང་ཆེན་དང་། རྫོང་འབྲིང་། མཐའ་རྫོང་། རྫོང་ཆུང་བཅས་རིགས་ལྔ་ཡོད་ཅིང་རྒྱལ་རྩེ་རྫོང་རི་རྫོང་ཆེན་གྱི་ཁོངས་སུ་གཏོགས་པ་ཡིན། འདི་ན་མཇལ་རྒྱུ་དང་ལྟ་རྒྱུ་གཉིས་ཀ་ཡོད། འདིའི་མཇལ་རྒྱུ་ནི་དཔལ་འཁོར་ཆོས་སྡེ་དང་མཆོད་རྟེན་གཉིས་ཡིན་ལ། བལྟ་རྒྱུ་ནི་རྒྱལ་རྩེ་དཔའ་བོའི་རྫོང་མཁར་ཡིན། ༈ རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ནི་བོད་ན་ཆེས་མིང་གྲགས་ཆེ་བའི་མཆོད་རྟེན་ཞིག་ཡིན་ཏེ་མཆོད་རྟེན་འདི་ནི་ལྷ་ཁང་གིས་གྲུབ་ཡོད། དེ་བས་དཔལ་འཁོར་ཆོས་སྡེའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་མཇལ་བ་ནི་ཆེས་གལ་ཆེ་བ་ཞིག་ཡིན་ལ། མཆོད་རྟེན་འདི་ནི་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དགུང་ལོ་སོ་དགུ་སྟེ་སྤྱི་ལོ་1427ལོར་བཞེངས། བོད་ཀྱི་ལྷ་རིས་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འདྲེན་པ་རེད། ༼གཞན་ལས་བཤུས།༽
