བླ་མའི་རྒྱང་འབོད་བྱིན་རླབས་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ། །
དུས་གསུམ་སངས་རྒྱས་ཀྱི་སྤྱི་གཟུགས།།
སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ།།
མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན།།
རྩ་བའི་བླ་མ་རང་མཁྱེན་ནོ།།
དཀྱིལ་འཁོར་རྒྱ་མཚོ་ཡི་ཁྱབ་བདག།
མཁའ་འགྲོ་ཐམས་ཅད་ཀྱི་དཔའ་བོ།།
ཆོས་སྐྱོང་ཀུན་འདུས་ཀྱི་རྗེ་བོ།།
རྩ་བའི་བླ་མ་རང་མཁྱེན་ནོ།།
བསྟན་པའི་ཁུར་ཆེན་གྱི་ཤིང་རྟ།།
འཁོར་བ་དུང་སྤྲུག་གི་ལྕགས་ཀྱུ།།
མ་རིག་མུན་སེལ་གྱི་སྒྲོན་མེ།།
རྩ་བའི་བླ་མ་རང་མཁྱེན་ནོ།།
བསླབ་གསུམ་རྣམ་དག་གི་སྡོང་བོ།།
དགོས་འདོད་ཀུན་འབྱུང་གི་ནོར་བུ།།
སྡུག་བསྔལ་མཚོ་སྐེམ་གྱི་ཉི་མ།།
རྩ་བའི་བླ་མ་རང་མཁྱེན་ནོ།།
བླ་མ་མཁྱེན་ནོ།།བླ་མ་མཁྱེན་ནོ།།བླ་མ་མཁྱེན་ནོ།
རྩ་བའི་བླ་མ་རང་མཁྱེན་ནོ།།
མ་རིག་འཁྲུལ་འཁོར་གྱིས་བཅིངས་པའི།།
ཁམས་གསུམ་འཁོར་བ་ཡི་དུཿཁ།།
བར་མེད་ཟོ་ཆུན་རྒྱུན་གཅོད་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
དུག་གསུམ་ལས་ངན་གྱིས་མནར་བར།།
སྡུག་བསྔལ་འཁྲུལ་བ་ཡི་རྦ་ལ།།
རྣམ་པར་གཡེང་བ་ལས་འདྲེན་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
ཉོན་རྨོངས་དུག་ལྔ་ཡིས་གདུང་བའི།།
འབར་བའི་མེ་ཆེན་རང་མཆེད་དུས།།
ཡེ་ཤེས་ཟིལ་ངར་རྒྱུན་འབེབས་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
ལྷ་སྔགས་ཏིང་འཛིན་གྱི་ལམ་ལ།།
ཨ་འཐས་ཞེན་འཛིན་གྱིས་བཅིངས་ན།།
སྣང་སྟོང་འཛིན་བྲལ་དུ་སྟོན་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ།།
བསམ་གཟུགས་སྟོང་ཞེན་གྱིས་བསྒྲིབས་ན།།
གཅེར་མཐོང་རང་གྲོལ་དུ་སྟོན་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པར།།
གཉིས་སྣང་ཞེན་རྟོག་གིས་འཆང་ན།།
གཉིས་མེད་རང་སྣང་དུ་སྟོན་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
མ་འགགས་སྤྱོད་པ་ཡི་ལམ་ཁྱེར།།
རྣམ་གཡེང་བདུད་ཀྱིས་བར་བཅད་ན།།
ཡེ་གདལ་གཉུག་མ་རུ་སྟོན་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
ཚེ་འདིར་དབེན་པ་རུ་རྩེ་གཅིག།
གཞི་ལམ་འབྲས་བུ་ཡི་ཉམས་ལེན།།
མཐར་ཕྱིན་འོད་སྐུ་རུ་གྲོལ་བར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
གལ་ཏེ་གཞི་ཀློང་དུ་མ་གྱུར།།
བར་དོར་སྒྱུ་ལུས་དག་འཇིག་ཚེ།།
ན་ཚ་རོ་སྙོམས་སུ་སྟོན་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
འཆི་བ་ཆོས་སྐུ་ཡི་བར་དོར།།
སྣང་མཆེད་ཐོབ་གསུམ་ཀུན་ཐིམ་དུས།།
འོད་གསལ་ཆོས་སྐུ་རུ་གྲོལ་བར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
ཆོས་ཉིད་ལྷུན་གྲུབ་ཀྱི་བར་དོར།།
འཇིགས་རུང་ཞི་ཁྲོ་ཡི་འཆར་ཆ།།
རང་སྣང་ལོངས་སྐུ་རུ་སྟོན་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
དབུགས་དབྱུང་སྲིད་པ་ཡི་བར་དོར།།
མ་དག་འཁྲུལ་སྣང་གིས་གཡེང་དུས།།
སྤྲུལ་སྐུའི་ཞིང་མཆོག་ཏུ་འདྲེན་པར།།
རྩ་བའི་བླ་མ་རང་མཁྱེན་ནོ།།
བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ།
