寂静1376
25-04-24 18:27

ཚེ་འདི་སྐྱེལ་ཤེས་པའི་མཁས་པ། —-མཁན་ཆེན་འཆི་མེད་རིག་འཛིན་གྱིས་མཛད།
དེ་ཡང་མི་ཞིག་གི་ལུས་བླངས་ནས་བཟུང་། མཐོ་དཔོན་པོ་ནས་དམའ་སྤྲང་པོ་ཡན་ཆད། འཇིག་རྟེན་མི་ཡི་ཡུལ་འདིར་སྐྱིད་རུང་སྡུག་རུང་། ཇི་སྲིད་དུ་རང་རང་གི་ཚེ་ཡི་འཕེན་པ་ལ་མ་སླེབས་ཀྱི་བར་དུ། གཡོག་མོ་ཞིག་མི་ཁྱིམ་ཞིག་ཏུ་གཡོག་ལས་བྱས་ནས་དུས་ལ་མ་བབས་ཀྱི་བར་དུ། ཁྱིམ་དེར་སྡོད་དགོས་པ་དང་མཚུངས་པ་ཞིག་ཡིན་ཏེ། ཚོམ་ལས། དེས་ན་གླ་བའི་གླ་རྔན་བཞིན། །ཁོ་བོ་དུས་ལ་སྡོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་གཡོག་གླ་འཚོལ་བའི་གཡོག་མོ་ཞིག་ལ་མཚོན་ན། སྐབས་རེར་ནི་ཁྱིམ་བདག་གིས་བརྙས་བཅོས་དང་ཚིག་རྩུབ་འོག་ནས། མྱ་ངན་གྱི་མཆི་མ་བཏོན་ནས་གཅིག་པུར་སྡོད་དགོས་པའི་དུས་ཀྱང་ཡོད། སྐབས་རེར་ནི། ཁྱིམ་བདག་གི་ཁྱིམ་མི་ན་གཞོན་ཕོ་མོ་དག་དང་མཉམ་དུ་དགའ་བའི་འཛུམ་དང་བཅས་ཏེ་སྡོད་པའང་ཡོད། གང་ལྟར་ཡང་ཁོ་མོའི་སྐྱིད་སྡུག་ནི་གཞན་ལག་ཏུ་ཡོད་པས་ཡིད་བརྟན་ཐུབ་པ་ཞིག་མ་ཡིན་ནོ། །དེ་ཡང་གཡོག་མོ་དེས་ཁྱིམ་གཞི་དེ་ལ་འཛིན་ཞེན་ཆེ་ན། ཁོ་མོས་ཀྱང་ཁྱིམ་ཚང་དེའི་དོན་དུ་སྡུག་བསྔལ་དང་སེམས་ཁུར་མི་འདོད་པ་དུ་མ་ཞིག་མྱོང་ནས་སྡོད་དགོས། གལ་ཏེ་ཁོ་མོའི་སེམས་ལ་ང་ནི་ཁྱིམ་འདིར་གནས་སྐབས་ཀྱི་གཡོག་ལས་པ་ཞིག་ལས། འདིར་ཡུན་རིང་མི་སྡོད་སྙམ་དུ་ཡང་ཡང་བསམས་ནས། ཁྱིམ་གཞི་དེ་ལ་ཞེན་འཛིན་དེ་ཙམ་མ་ཆེ་ན། གནས་སྐབས་ཀྱི་འཚོ་བ་ཙམ་རེ་རྙེད་པ་ན། ཁྱིམ་ཚང་དེའི་དོན་ལ་སེམས་ཁྲལ་མང་པོ་བྱེད་མི་དགོས་པར། བློ་གུ་ཡངས་སུ་གནས་ཆོག་པ་ཞིག་ཡིན་ཞིང་། ནམ་ཞིག་འགྲོ་བའི་ཚེ་ན་ཡང་། གཡོག་གླ་ཅུང་ཟད་ཅིག་རྙེད་ཚེ་གཞན་པའི་སེམས་ཁུར་དང་ཆགས་ཞེན་བྱེད་ས་ཅི་ཡང་མེད་པར་རང་ཁྱིམ་དུ་ལོག་འགྲོ་ཆོག་པ་ཡིན་ནོ། །དེ་བཞིན་དུ་ང་རང་ཚོ་ཡང་འཇིག་རྟེན་འདིར་རང་རང་གི་ཁོར་ཡུག་ཆུང་ངུ་རེའི་གཡོག་ལས་པ་ཞིག་ཡིན། དེ་ཡང་ཁོར་ཡུག་འདིའི་འོག་ཏུ་ཅི་ཙམ་སྡོད་པའི་རིང་ལ། ཉི་མ་རེ་རེ་བཞིན་སྐྱིད་སྡུག་བཟང་ངན་ལེགས་ཉེས་མང་པོ་ཞིག་བརྒྱུད་ནས། མི་ཚེ་འདི་སྐྱེལ་དགོས་པ་ཞིག་ཡིན་ལགས་སོ། །དེ་ལྟར་འཇིག་རྟེན་འདིར་གནས་པའི་རིང་ལ། འཁོར་བའི་ཆོས་འདི་དག་ལ་ཞེན་འཛིན་ཅི་ཙམ་ཆེ་བ་བཞིན། རེ་དོགས་དགའ་སྡུག་གི་སེམས་ཀྱི་ཁུར་པོ་དེ་ཙམ་ཞིག་ལྕི་བ་དང་། གལ་ཏེ་སྐྱིད་སྡུག་གང་ཞིག་ལ་འཕྲད་ཀྱང་བྱ་བ་གང་ཞིག་བསྒྲུབས་ཀྱང་། དེ་འདྲ་ཞིག་བྱེད་དགོས་པ་འཇིག་རྟེན་ལས་ཀྱི་བསྐོས་ཐང་ཞིག་ཡིན་པས་བཟུར་དུ་མི་བཏུབ་མོད། འོན་ཀྱང་ང་རང་འཇིག་རྟེན་འདིར་ཡུན་རིང་མི་སྡོད་པས། བྱ་བ་འདི་འདྲའི་དོན་དུ་དཀའ་སྡུག་མང་པོ་བརྒྱབས་ནས་ཅི་བྱེད་སྙམ་དུ་ཡང་ཡང་བསམས་ན། གཡོག་མོས་གཡོག་གི་ཁྲལ་ལས་བྱེད་པ་ཙམ་ལས། བྱ་བ་དེའི་དོན་དུ་འགྲུབ་མི་འགྲུབ་དང་། གཞན་གྱིས་བཟང་ངན་བསྟོད་སྨད་སོགས་ལ་འཛིན་ཞེན་དང་རེ་དོགས་དེ་ཙམ་མི་ཆེ་ལ། དེ་ལྟར་ན་སེམས་ཀྱི་སྟེང་གི་མི་འདོད་པ་དང་སྡུག་བསྔལ་ཡང་དེ་ཙམ་ཞིག་མེད་པར། མི་ཚེ་འདི་གུ་ཡངས་བག་ཕེབས་ཤིག་གི་ངང་ནས་འདའ་ཆོག་པ་ཞིག་འབྱུང་ཞིང་། ནམ་ཞིག་འཇིག་རྟེན་འདིར་ཁ་བྲལ་བའི་ཉིན་མོ་ཡང་། གཡོག་མོའི་གཡོག་གླ་བཞིན་སེམས་གཏད་སའི་དགེ་བ་ཅུང་ཟད་རེ་འགྲུབ་ཚེ། འཇིག་རྟེན་ཚེ་འདིའི་རྙེད་བདེ་འགྲུབ་མ་འགྲུབ་སོགས་ལ་རེ་བ་མེད་ན་ཡི་ཆད་མེད་པའི་དཔེ་བཞིན། ཞེ་འགྱོད་དང་སྡུག་བསྔལ་མེད་པར་ཚེ་ཕྱི་མར་འགྲོ་ཆོག་པ་ཞིག་ཡིན་པས། དེ་འདྲ་དེ་ནི་མི་ཚེ་སྐྱེལ་ཤེས་པའི་མཁས་པ་ཟེར་བ་ཡིན་ཞིང་། དེ་ཡང་། དམ་ཆོས་རྣམ་པར་དག་པ་འགྲུབ་པའི་སྐྱེས་བུ་དམ་པ་འགའ་རེའི་འདའ་ཁའི་རྣམ་ཐར་ལ་བསམ་ན། ཡིད་ལ་སྤྲོ་བ་དང་དད་གུས་སྐྱེ་བའི་གནས་ཡ་མཚན་པ་ཡོད་པ་ནི་འདི་ལྟ་སྟེ། དཔེར་ན་ཉག་བླ་རང་རིག་ཞུ་བ་དེ་ཉིད་འདའ་བ་ལ་ཉེ་བའི་སྐབས་སུ། ཁོང་གཟིམས་ཤག་ཏུ་བཞུགས་པ་ན་ཉེ་འཁོར་དག་ལ། ད་ཁོ་བོ་ཤི་བའི་དུས་ལ་བབ་པ་ཡིན་ཡང་། མལ་འདི་ནས་ཁྱིམ་ཤག་ཕ་ཀིའི་ནང་དུ་འགྲོ་དགོས་པ་ལྟ་བུ་ཞིག་གི་བསམ་པ་ལས། གཞན་རེ་དོགས་གང་ཡང་མེད་གསུངས་པ་ལྟ་བུ་དང་། དེ་བཞིན་དུ་ཇོ་ནང་པའི་དཔལ་ལྡན་དུས་ཀྱི་འཁོར་ལོའི་ལམ་ཉམས་སུ་ལེན་པའི། ཤར་འཛམ་ཐང་གི་བླ་མ་ཞིག་གི་རྣམ་ཐར་དུ་ཡང་། ཁོང་བསྙུང་གཞིས་ཐེབས་ནས་འདའ་ཁའི་ཉིན་མོ་སླེབས་པའི་དུས་ཙམ་ན། གྲྭ་པ་ཞིག་སྐུ་མདུན་དུ་སོང་ནས་རྗེ་ཉིད་དེ་རིང་སྐུ་ཁམས་ཇི་འདྲ་ལགས་ཞུས་པས། ན་རྒྱུ་ཅི་ཡང་མི་འདུག ང་ལ་མི་ཚེ་གཅིག་ལ་དེ་རིང་ལས་སྐྱིད་པ་ཞིག་ཡོད་མ་མྱོང་ཞེས་གསུངས་པ་ལྟ་བུ་ལགས་སོ། །

发布于 西藏